༈ ། ༄༅། །ན་མོ་བཛྲ་བཧཻ་ར་ཝཱ་ཡ། བླ་མ་མཆོག་དང་སྐྱེ་འགྲོའི་འཆི་བདག་གཤེད། ། དབྱེར་མེད་བཅོམ་ལྡན་འདས་མའི་ཞབས་བཏུད་ནས། །དེ་ཉིད་དགྱེས་བྱེད་མཆོད་པའི་སྤྲིན་གྱི་འཕྲེང། །རབ་འབྱམས་ལྷ་ལམ་མཛེས་རྒྱན་མདོར་བསྡུས་བརྗོད། །དེ་ཡང་གནམ་ལོ་རྒྱལ་པོ་གསར་ པའི་དགའ་བ་དང་པོའི་ཚེས་ཀྱི་ཐོག་མའི་ལག་རིས་མཐོང་ཙམ་ལ། །འདོད་ཁམས་དབང་ཕྱུག་མ་ལ་མཆོད་གཏོར་འབུལ་བའི་ཚུལ་ནི། གནས་ཁང་གི་ཡང་ཐོག་ལྟ་བུར་སྒྲུབ་པ་པོ་རྣམས་ཁ་ བྱང་ཤར་ལ་ཕྱོགས་པར་འཁོད་པའི་མདུན་དུ། དཔལ་ལྡན་ལྷ་མོའི་སྐུ་རྟེན་སོགས་ཕྱི་ནང་གསང་བའི་རྟེན་རྫས་སྤྱན་གཟིགས་རྣམས་ཚར་དུ་དང་ར་བའི་མདུན་དུ། ཁྲག་གི་མཆོད་ཡིན། དབང་པོའི་མེ་ཏོག་ གསུར་ཆེན་གྱི་དུད་པ། ཞུན་ཆེན་གྱི་སྒྲོན་མེ། ཁྲག་ཞག་གི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་དང་ཐོད་རྔ་ལ་སོགས་པའི་རོལ་མོ། འབྲུ་ནག་རྗེན་བཏགས་ལས་གྲུབ་པའི་ཟླུམ་པོ་ཤོས་བུ་བཞིས་བསྐོར་ བའི་ཕེབས་གཏོར་དམ་རྫས་རྒྱན་གྱི་གཏོར་མར་གྲགས་པ། གྲུ་གསུམ་མདུན་གྱི་གཡས་གཡོན་དུ་ཕུར་གཟུགས་གཉིས་ཀྱིས་བརྒྱན་པའི་འབུལ་གཏོར་ཤ་ཁྲག་དམར་གྱི་གཏོར་མར་གྲགས་པ། ཕྱེ་ [041A]༄༅། །གཙང་དང་མངར་གསུམ་སོགས་ལས་སྦྲུས་པའི་ཚོགས་རྫས་དབྱིབས་མི་མོའི་ནུ་མ་སྐོད་པར་བཅད་པའི་རྩེ་ལྟ་བུའི་འཛམ་བུ་ཏི་པའི་ཞལ་ཟས། ནང་མཆོད། རཀྟ༑ གསེར་སྐྱེམས་ རྣམས་ཕྱག་ལེན་མཐོང་བརྒྱུད་ལྟར་བཀོད་པ་མཛེས་པར་བཤམས་ལ། སྐྱབས་སེམས་སྔོན་དུ་བཏང་སྟེ། ཡི་དམ་གྱི་བདག་བསྐྱེད་རྒྱས་བསྡུས་གང་རུང་གསལ་བཏབ་ནས། དེའི་གཞུང་ལྟར་ནང་ མཆོད་དང། རྟེན་རྫས་སོགས་ཧྲཱི་ཥྚྲཱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་ པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཨོཾ་སརྦ་བིད་ པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ་བཛྲ་སྥ་ར་ཎ་ཁཾ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང། །སྤྲོ་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་ཀྱང་བྱིན་གྱིས་བརླབས། ཨོཾ་བཛྲ་ ཨྲྒྷཾ་ནས་སྤརཤ་ཨཱ་ཧཱུཾ་གི་བར་གྱིས་མཆོད་རྫས་དང། ནང་མཆོད་ལྟར་གཏོར་མ་རྣམས་བྱིན་གྱིས་བརླབ། དེ་ནས། བྷྱཽ་རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་ལ། ཞེས་པ་ནས། ཐོགས་པ་མེད་པར་མྱུར་དུ་ [041B] ཞེས་པའི་བར་དང། རྒྱུན་དུ་ལྷ་མོ་ཁྱོད་བསྟེན་ནོ། ཞེས་པ་ནས། བདག་ནི་བརྡ་ཡི་ཕྱག་བགྱིད་དོ། ཞེས་པའི་བར་ཛཧཱུཾ་བཾ་ཧོཿ་འཇོག་པ་མ་གཏོགས་གཞུང་བཞིན་བཏང་ལ་སྤྱན་ དྲངས། དེ་ནས། བྷྱཽ་བདག་གིས་དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས། །ལེགས་པར་བྱུང་བའི་མཆོད་ཡོན་མཐའ་ཡས་པ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་སངས་ རྒྱས་བསྟན་པ་རྒྱས་པར་མཛོད། ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨྲྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཱཧཱ། ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་རྣམས་དང། ཕྲ་མོ་སྦོམ་པོ་ལས་བྱུང་བའི། ཞེས་སོགས་ཀྱིས་ ནང་མཆོད་དང། ཆུ་དང་མ་འདྲེས་དྭངས་མའི་ཁྲག། ཅེས་སོགས་ཀྱིས་རཀྟ་དང། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། ཞེས་སོགས་ཀྱིས་གཏོར་མ་དང། ཨོཾ་ཀ་ལི་དེ་ཝི་ས་པ་རི་ཝ་ར་ལ་ཨྲྒྷཾ་སོགས་དང་ འབྲུ་གསུམ་བཏགས་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་རྣམས་ཕུལ་ནས། བྷྱཽ་དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། ཅེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། ཞེས་པའི་ བར་གྱིས་ཡན་ལག་བདུན་པ་བྱ། དེ་ནས་རྟེན་རྫས་རྣམས་འབུལ་བ་ནི། རྒྱས་པར་སྤྲོ་ན། བྷྱཽ་སྤྲིན་གྱི་་དྲེའུ། རྫུ་འཕྲུལ་་རྟ། རབ་བརྗིད་་ཞོལ་ཕོ། འོ་མའི་་ཞོལ་མོ། འཇམ་པའི་་ལུག། འཇིགས་རུང་ [042A]༄༅། །གོ་ཁྲབ། གང་ཞིག་་མཚོན་ཆ། དམ་ཉམས་་ཕྱག་མཚན། ཐོད་སྐམ་་དུར་ཆས། རི་ལྟར་་གཏོར་མ། རྡོ་རྗེའི་་ནང་རྟེན། ཉི་ཟླ་་གསང་རྟེན། དུས་གསུམ་་བླ་མེད་ཀྱི་རྟེན་རྣམས་འབུལ་ལ་ བསྡུས་ཙམ་བྱེད་ན། བྷྱཽ་སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་འདི། །སྲིན་པོའི་ཐོད་སྒ་པགས་པས་རབ་གཡོགས་ཤིང། །གོང་རྨེད་སྲབ་མཐུར་གདུག་པའི་སྤྲུལ་གྱིས་བརྒྱན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་ བཞོན་པ་འདི། །དཔལ་ལྡན་དམ་གཟོར་རྒྱལ་མོའི་རྟེན་དུ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་རྟེན་དུ་འབུལ། །རྟེན་ལས་མ་འདའ་འབེམ་ལས་མ་གཡོ་བར། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་ རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཅེས་དང། རྫུ་འཕྲུལ་ཤུགས་ལྡན་རླུང་ལྟར་མགྱོགས་པའི་བང། །ལམ་ལམ་འགྲོས་ཀྱིས་སྟོང་གསུམ་ཡུད་ཀྱིས་བསྐོར། །སྣ་ཚོགས་དར་དང་རིན་ཆེན་སྒ་ སྲབ་མཛེས། །འཛིན་མའི་རྒྱན་གྱུར་རྟ་ནག་ཚོགས་འདི་དག་དཔལ་ལྡན་་རབ་བརྗིད་ཨིནྡྲ་ནཱི་ལའི་རི་བོ་བཞིན། །དྲག་པོའི་ངར་སྒྲ་བསྒྲགས་པས་རི་རབ་ཀྱང། །ལིང་ལིང་འདིར་བྱེད་རྣོ་བའི་རྭ་རྩེ་ཅན། ། སྟོབས་ཀྱིས་དགྲ་འཇོམས་གཡག་རོག་ཞོལ་ཆེན་འདི། །དཔལ་ལྡན་་་འོ་མའི་རྒྱུན་འཛིན་འདོད་པ་ཀུན་འཇོ་ཞིང། །ཆར་སྤྲིན་ལྟ་བུར་མཛེས་པའི་རྔ་ཞོལ་ཅན། །རྣམ་བཀྲ་དར་ཀྱི་ཅོད་པན་མང་པོས་ [042B] །ནོར་འཛིན་མཛེས་བྱེད་ཞོལ་མོའི་ཚོགས་འདི་དག་དཔལ་ལྡན་་འཇམ་པའི་སྤུ་ཚོགས་ཆར་སྤྲིན་གཏབས་པ་བཞིན། །ཤ་རྒྱས་ཟླ་ཚེས་ལྟར་དཀར་མདོངས་ཀྱིས་བརྒྱན། །བཻ་ཌཱུརྱ་ཡི་རྭ་བཞི་ འཁྱིལ་བ་ཅན། །མཛེས་པའི་རྒྱན་ལྡན་ལུག་ནག་ཚོགས་འདི་དག། དཔལ་ལྡན་་རི་ལྟར་སྤུངས་པའི་ཤ་ཁྲག་གཏོར་ཚོགས་ནི། །སྔགས་དང་ཏིད་འཛིན་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །རོ་བརྒྱ་ ལྡན་པའི་བདུད་རྩིར་བྱིན་རླབས་ཤིང། །དར་ནག་ཅོད་པན་དུ་མས་བརྒྱན་པ་འདི། །དཔལ་ལྡན་རྡོ་རྗེའི་ཐོག་དང་མཚུངས་པའི་མདའ་བོ་ཆེ། །བྱ་རོག་སྒྲོས་བརྒྱན་དར་ནག་མགུལ་པར་བཅིངས།། དཔལ་ལྡན་ལྷ་མོའི་སྐུ་དང་སྔགས་ཀྱིས་བརྒྱན། །དམ་ཉམས་སྙིང་ལ་བསྣུན་པའི་མཚོན་ཆ་འདི། །དཔལ་ལྡན་་ཉི་ཟླ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་ བའི་རྟེན། །འདོད་ཡོན་ལྔ་དང་རིན་ཆེན་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་བའི་མཆོད་སྤྲིན་འདི། །དཔལ་ལྡན་་དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །གདུག་ པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང། །ས་བཅུའི་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་དུ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་འདི། །དཔལ་ལྡན་་ཞེས་དྲེའུ། རྟ༑ ཞོལ་པ་ [043A]༄༅། །མོ༑ ལུག་ནག་གཏོར་མ། ནང་རྟེན། གསང་རྟེན། བླ་ན་མེད་པའི་རྟེན་རྣམས་འབུལ། དེ་རྗེས། བྷྱཽ་བཞན་ཡང་དཔལ་ལྡན་ལྷ་མོ་ལ། ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་ མཛོད། ཅེས་པའི་བར་གྱིས་ཆས་འབུལ། དེ་ནས། སྐབས་འདིར་གོང་ལྟར། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། ཞེས་པ་ནས། གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཅེས་པའི་ བར་བརྗོད་ལ། ཨོཾ་ཀཱ་ལི་དེ་ཝཱི་ཞེས་སོགས་ཚར་ཉེར་ལྔ་ལས་མ་ཉུང་བས་འབུལ་སྲོལ་འདི་གཙོ་འཁོར་ཐམས་ཅད་ལ་དགོངས་པར་མངོན་པས་བསྡུ་ན་འདི་ཁས་ཆོག་ལ། སྤྲོ་ན༑ ཨོཾ་ཤྲཱི་དེ་ཝཱི་ས་དཔལ་ལྷ་ དང༑ ཨོཾ་བཛྲ་ས་མ་ཡས་ཚེ་རིང་མཆེད་ལྔ་དང། ཨོཾ་ཨ་ཀཱ་རོས་བརྟན་མ་བཅུ་གཉིས་སོགས་འཁོར་སྤྱི་ལའང་ལན་བདུན་རེས་གཏོར་མ་ཕུལ་ལ། གོང་ལྟར་ཕྱི་ནང་གི་མཆོད་པས་མཆོད། བྷྱཽ་ཤ་ ཆེན་ཚོགས་ནི་རི་ལྟར་སྤུངས། ཞེས་པ་ནས། བཤད་སྒྲུབ་ལོངས་སྤྱོད་འཕེལ་བར་མཛོད། ཅེས་པའི་བར་གྱིས་གཏོར་རྫོངས་བྱས་ཏེ་གཞི་བདག་གཏོར་མ་ཕྱག་ལེན་བཞིན་ཕུལ། དེ་ནས། བྷྱཽ་ལྷ་ལ་ དབང་བསྒྱུར་ལྷ་མོ་དཔལ་འབར་མ། ཞེས་པ་ནས། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ཞེས་པའི་བར་དང། བྷྱཽ་དཔལ་གྱི་གཟུགས་ལ་འདོད་ཁམས་གཙོ་མོ་ཁྱོད། ཅེས་པ་ནས། ལྟེ་བར་ [043B] ཞེས་པའི་བར་གཞུང་ལྟར་ལ། དེ་ནས། འདོད་དགུའི་མཆོག་སྦྱིན་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་ སྒྲུབ་པར་མཛོད། ཅེས་པས་བསྟོད། དེ་ནས་ཐམས་ཅད་ལངས་ཏེ། བྷྱཽ་ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། ཞེས་པ་ནས། བྱ་ཁྱི་ལྕེ་སྤྱང་ལ་སོགས་འཁོར་དང་བཅས། ཞེས་པའི་བར་ གཞུང་ལྟར་ལ། དེ་ནས། ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པོའི་ཚོགས། །འདིར་གཤིགས་རྒྱན་གྱི་གཏོར་མ་ འདི་བཞེས་ཤིག་ཅེས་པ་འདི་ནས་གཏོར་མ་བྱང་ཤར་གྱི་མཚམས་སུ་གཤེགས་ཏེ་ཕུད་ཀྱིས་མཆོད་ནས་ལྷག་མ་དངོས་གྲུབ་ཏུ་ཞུ་བ་ཡིན། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག་འཛམ་བུ་ཏི་པའི་ ཞལ་ཟས་་སྨན་རག་ཕུད་ཀྱི་མཆོད་པ་་ཛ་གད་དཔའ་བོའི་སྨན་ཕུད་་གཙང་མ་ཕུད་ཀྱི་གསེར་སྐྱེམས་་སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང། ད་འཆོལ་ལེགས་པའི་གསོལ་འདེབས་ གཉན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང། །སྡང་བའི་དགྲ་དང་གནོད་པའི་བགེ་གསོལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་ [044A]༄༅། །བཞིན་དུ་བརླག་པ་དང། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་སྐྱོངས་ཡུན་རིང་ཞབས་བརྟན་མཛོད། ཅེས་གཤེགས་གཏོར་སྤྱི་འགྲོ་ལྟར་བྱས་ཏེ། སླར་གདན་ལ་འཁོད་ནས། བྷྱཽ་རྡོ་རྗེ་འཆང་སོགས་རྩ་བརྒྱུད་ བླ་མ་དང། ཞེས་པ་ནས། རབ་འབྱམས་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག་ཅེས་བའི་བར་གྱིས་མངའ་གསོལ་དང། བྷྱཽ་དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བའི། ཞེས་པ་ནས། བསམ་པ་ འགྲུབ་པའི་བཀྲ་ཤིས་ཤོག་ཅེས་པའི་བར་གྱིས་བཀྲ་ཤིས་བརྗོད་དེ་མེ་ཏོག་གི་ཆར་དབབ་བོ། །རྒྱལ་ཡུམ་དབྱིངས་ཕྱུག་དབྱངས་ཅན་མ། །མ་རུངས་བདུད་རིགས་བྱེ་བའི་དགྲར། །སྒྱུ་མའི་སྲིན་མོ་ལྟར་སྟོན་ ཅིང༑ ༑སྣ་ཚོགས་འདོད་དགུའི་འོ་རྒྱུན་གྱིས། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་མ། །དེ་ཉིད་དགྱེས་པ་བསྐྱེད་པ་ཡི། །ཆོག་བསྒྲིགས་དམ་པའི་ཕྱག་ལེན་བཞིན། །བཀོད་འདིས་དགེ་ལེགས་འབར་གྱུར་ཅིག་ ཅེས་པ་འདི་ཡང་དབུ་མཛད་སྔགས་རམ་པ་དགེ་འདུན་འཇམ་དབྱངས་སོགས་ཀྱིས་ཡང་ཡང་ནན་གྱིས་བསྐུལ་ངོར། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། བླ་མ་དམ་པ་རྣམས་ [044B] །སླར་ཡང་དགེ་སློང་དྷརྨ་བྷ་དྲས་ཅུང་ཟད་གསལ་དུ་བཏང་བ་ཡིན་ནོ།།